*Tibetan Translation* AN OPEN LETTER TO TSERING KYI FROM SANG MOTA (SANGMO)

*ORIGINAL HERE*

སྲིང་མོ་ཐར་གྱིས་ཚེ་རིང་སྐྱིད་ལ་སྤྲིངས་བའི་འཕྲིན་ཡིག

སྨན་པ་དཀོན་མཆོག་ཚེ་བརྟན་གྱིས་བསྒྱུར།

གསལ་བཤད།

ཡི་གེ་འདི་ནི་ཉེ་ཆར་ཚེ་རིང་སྐྱིད་ཀྱིས་ཕོ་མོའི་གནད་དོན་སྐོར་ལ་སྤེལ་བའི་འགྲེལ་བཤད་དེ་ལ། སོ་སོ་བོད་ཀྱི་བུད་མེད་ཞིག་ཡིན་པའི་ཆ་ནས་ལྟ་ཚུལ་གླེང་བ་ཙམ་ཡིན་པ་ལས། ངའི་ལས་ཀ་བྱེད་སའི་ཚབ་བྱས་ཏེ་གླེང་བ་མིན། དེ་ཡང་རྒྱ་གར་རྡ་རམ་ས་ལའི་གསོག་སྒར་སློབ་གྲྭའི་སློབ་མ་ཚོ་དང་བགྲོ་གླེང་སྐབས་ཚེ་རིང་སྐྱིད་ལགས་ཀྱི་འགྲེལ་བརྗོད་དེ་དག་ལ་ངས་ཉན་པ་དང་དེ་ལ་མོས་མཐུན་མ་བྱས་པའི་དབང་གིས་ང་རང་སྒེར་གྱི་གནས་བབ་ཐོག་ནས་ཡི་གེ་འདི་ཚེ་རིང་སྐྱིད་ལགས་ལ་འབྲི་བཞིན་ཡོད།

ཚེ་རིང་སྐྱིད་ལགས།

ཁྱེད་ཉིད་ཞུགས་པའི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་བགྲོ་གླེང་དེའི་དྲི་བ་དྲིས་ལན་སྐབས། སློབ་ཕྲུག་ཞིག་གིས་ཁྱེད་ཉིད་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་ཡིན་མིན་དྲིས་བྱུང་།ཁྱེད་ཀྱི་ལན་ནི་ཁྱེད་རང་གིས་རང་ཉིད་བུད་མེད་ཐོབ་ཐང་རྩོད་མཁན་ཞིག་ཡིན་པར་ངོས་འཛིན་མེད་པ་མ་ཟད།  ཁྱེད་རང་ལ་བོད་ཀྱི་བུད་མེད་ཀྱི་ཚབ་བྱས་ཏེ་ལས་ཀ་བྱེད་པའི་འདོད་པའང་མེད་ཅེས་བཤད་བྱུང་།

ཁྱེད་ལ་ལངས་ཕྱོགས་དེ་གདམ་པའི་དབང་ཆ་ལོས་ཡོད།ངས་བོད་ཀྱི་བུད་མེད་ཚང་མ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་མིན་པ་ཤེས་ཡོད།  ཁྱེད་ཀྱིས་མཚམས་དེ་ལས་འཕྲོས་ཏེ་འགྲེལ་བརྗོད་མ་བྱས་པར་མཇུག་སྡོམ་བརྒྱབ་ཡོད་པ་ཡིན་ན།  ངས་ཕལ་ཆེར་ཁྱེད་ལ་ཡི་གེ་འདི་འབྲི་གི་མ་རེད། འོན་ཀྱང་ཁྱེད་ཀྱིས་དེ་ནས་མཚམས་བཞག་མ་སོང་། ཁྱེད་ཀྱིས་མུ་མཐུད་དུ་སྤྱང་གྲུང་ལྡན་པ་དང་ལས་སླ་བོའི་ངང་དོན་དངོས་སུ་ཤིན་ཏུ་རྙོག་འཛིང་ཆེ་བའི་བོད་ཀྱི་བུད་མེད་ཀྱི་གནད་དོན་སྐོར་ལ་གསལ་བཤད་བྱས་འདུག དེ་བས། གནད་དོན་འདིའི་སྐོར་ལ་ཁྱེད་ཀྱི་ལྟ་ཚུལ་ནོར་འཕྱུག་ཅན་དེས་ང་ལ་ཡི་གེ་འདི་འབྲི་བ་ནི་དགོས་ངེས་ཤིག་ཡིན་པ་ཤེས་བཅུག་སོང་།

བོད་མི་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་ཕྱི་རོལ་ཏུ་སྐྱེས་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་གི་བུད་མེད་སྐོར་ལ་གོ་རྟོགས་ཆ་ཚང་བ་ཞིག་ཡོང་རྒྱུའི་སླད་དུ་ང་ཚོའི་བོད་ཀྱི་བུད་མེད་རྣམས་འདས་པ་དང་ད་ལྟ་བ་གཉིས་ཀའི་ནང་བརྒྱུད་པ་གང་ཡིན་པ་དེ་ལ་ཆ་སྙོམ་པའི་ལྟ་ཚུལ་ཞིག་སྤྲོད་རྒྱུ་དེ་ནི་གལ་ཆེན་པོ་རེད།

ངའི་མི་ཚེའི་འགྲུལ་བཞུད་ཀྱང་ཁྱེད་དང་འདྲ་བར།མོ་ལོ་ཉི་ཤུའི་སྟེང་མགོ་བརྩམས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་སོང་། བཞུགས་སྒར་རྡ་ས་ནས་ལོ་ཁ་ཤས་ལ་བསྡད་མྱོང་། རྗེས་སུ་བྱང་ཨ་རིར་བརྟོལ་ནས་ད་ལྟ་ངའི་བརྩེ་བའི་བཟའ་ཟླ་དང་བུ་མོ་གཉིས་ཀྱི་ལྷན་བསྡད་ཡོད། ཕལ་ཆེར་ངེད་གཉིས་བརྒྱུད་ཡོང་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འདྲ་འདྲ་ཡིན་རྒྱུ་རེད་སྙམ། ཆེད་ལས་ཀྱི་ཐོག་ནས། ང་ནི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན། ཉིན་རྒྱུན་གྱི་ལས་ཀ་ནི་མི་གཉོམ་ཆུང་། ཞེད་སྣང་གིས་ཞུ་འབོད་བྱེད་མི་ཐུབ་མཁན། བཟའ་འཁོན་དང་བཙན་གཡེམ་གྱིས་མནར་བ་དང་དེ་ལས་ཐར་ཡོད་མཁན་དག་སྟེ་གཟུགས་པོར་རྨས་སྐྱོན་ཕོག་ཞིང་བཙན་གྱིས་གཡེམ་སྦྱོར་བྱས་ཡོད་མཁན་དག་ལ་བདེ་འཇགས་ཀྱི་ཁོར་ཡུག་ཞིག་བསྐྲུན་རྒྱུ་དེ་ཡིན།

བཟའ་འཁོན། བཙན་གཡེམ་དང་འཁྲིག་སྤྱོད་དང་འབྲེལ་ཡོད་ཀྱི་གླེང་གཞི་ནི་ཡ་གླིང་རིག་གནས་ཁྲོད་ཀྱི་སྦས་པའི་རིག་ཚན་ཞིག་རེད། གནད་དོན་འདིའི་རིགས་སོ་སོའི་ཤ་ཉེ་རིང་ལས་ཕྱི་ཕྱོགས་ལ་བསྒྲགས་ན།དེ་ནི་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཁོང་ཁ྄ོའི་རྣམ་འགྱུར་སྟོན་པའི་གནད་དོན་ཞིག་རེད། དེའི་སྟབས་ཀྱིས། ང་ཚོའི་སྤྱི་ཚོགས་ཁྲོད་བུད་མེད་ལ་བརྙས་དམོད་བྱེད་མཁན་གྱི་ཉེས་ཅན་པ་དག་ལ་ཕལ་ཆེར་ཉེས་དོན་གཏུག་བཤེར་བྱས་མེད།

གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་ཆེས་སྤྱིར་བཏང་གི་ལྟ་ཚུལ་སྟེ་བོད་ཀྱི་སྤྱི་ཚོགས་ཁྲོད་ཕོ་མོའི་གནད་དོན་ཕལ་ཆེར་མེད་ཅེས་པ་དེ་ཁས་བླངས་ཚེ། བོད་ཀྱི་སྤྱི་ཚོགས་ནི་འཁོན་འཛིང་མེད་པའི་སྤྱི་ཚོགས་ཤིག་ཡིན་པའི་གནས་སྟངས་དེ་མངོན་སྲིད་པ་རེད། འོན་ཀྱང་། དོན་དངོས་སུ་དེ་ནི་དངོས་ཡོད་ཀྱི་གནས་སྟངས་དང་རྒྱབ་ཏུ་ཕྱོགས་ཡོད་འདུག

ངས་ཁྱེད་ལ་འདིར་དཔེ་མཚོན་ཡག་པོ་ཞིག་སྟེ་བོད་ཀྱི་སྐྱེས་མ་ཀུན་བཟང་སྒྲོལ་མ་ལགས་ཀྱི་མྱངས་ཟིན་བཀོད་ན་འདོད། ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཁོ་མོ་བཙན་གཡེམ་ལས་ཐར་བའི་མྱོང་བ་བྲིས་ཡོད་པའི་དེབ་<<རྡོ་འབུམ>>ནང་དུ་གཞིས་དང་བྱེས་ནས་ཁོ་མོས་མྱངས་པའི་མནར་གཅོད་གླེང་འདུག  གཞིས་ནས་སྐྱེས་ཤིང་གཞིས་ནས་འཚར་ལོངས་བྱུང་། སྐྱེས་ས་སྐྱེས་ཡུལ་གཅིག་པའི་སྐྱེས་མ་འདིའི་དེབ་དེས་ང་རྩ་བ་ཉིད་ནས་སེམས་འགུལ་ཐེབས་བཅུག་སོང་། ངས་དེབ་དེ་བཀླགས་ནས་ཆེས་མཐའ་མཇུག་གི་ལེའུ་རྫོགས་རྗེས་ངའི་སེམས་ལ་དྲི་བ་ཞིག་ཡང་བསྐོར་བསྐྱར་བསྐོར་གྱིས་ཤར་བྱུང་། གལ་ཏེ་ཀུན་བཟང་ལགས་ཀྱི་ཁྱོ་ག་དེ་བོད་པ་ཞིག་ཡིན་ཚེ།ཁོ་མོའི་ལོ་རྒྱུས་གཤའ་མ་དེ་སྤྱི་ཚོགས་སྟེང་བསྒྲགས་པར་སྐུལ་སློང་དང་སྤོབས་པ་སྩོལ་སྲིད་དམ།  འདིའི་ལན་ནི་ཕལ་ཆེར་སྲིད་ཀྱི་མ་རེད།

བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་དངོས་སུ་ནན་ཏན་གྱིས་བཅའ་འདྲི་བྱས་ཏེ་བཟའ་འཁོན་དང་བུད་མེད་ལ་བརྙས་དམོད་ཐེབས་པའི་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་བྱུང་ཡོད་པ་རགས་ཟིན་དུ་བཀོལ་ནས་པར་བསྐྲུན་བྱས་ཡོད་པ་རེད།དེང་སང་། དེང་རབས་ཀྱི་ཆ་འཕྲིན་ཚན་རྩལ་བརྒྱུད་ནས་ཐད་ཀར་བོད་ཀྱི་བུད་མེད་ཀྱི་སོ་སོའི་ལོ་རྒྱུས་མང་པོ་ཞིག་ཀྱང་གོ་ཐུབ། ཉེ་དུས་ཀྱི་གནད་དོན་གཞན་ཞིག་ནི་གཉན་ནད་ཨཱེ་ཙའི་སྐོར་བོད་ཀྱི་ས་ཆ་མང་པོར་ཁྱབ་བཞིན་པའི་སྐྱི་གཡའ་བའི་མྱུར་ཚད་དེ་རེད།

རྒྱུ་མཚན་ཁག་གཅིག་ནི། ང་ཚོའི་བག་འཁུམས་པའི་སྤྱི་ཚོགས་ཁྲོད་སྐྱེ་འཕེལ་སྐོར་གྱི་འཕྲོད་བསྟེན་ཆ་འཕྲིན་དང་དེ་འབྲེལ་གྱི་དཔྱད་ཡིག་མང་པོ་ཞིག་མེད་པས་རེད།བོད་ཀྱི་སྨད་འཚོང་མ་ལ་བཙན་ཤུགས་ཀྱིས་མཚན་ཤུབས་མ་སྤྱད་པར་འཁྲིག་པ་སྤྱོད་པའི་གནས་སྟངས་ཀྱིས་རེག་དུག་གི་འགོས་ཚད་དང་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་པ་རེད།

ང་བོད་ལ་ཐེངས་ཁ་ཤས་བསྐྱོད་དུས་ཤེས་རྟོགས་བྱུང་བ་ནི།བསམ་བློ་ཅན་དང་སྤོབས་པ་ཅན་གྱི་བོད་ཀྱི་བུད་མེད་སྐོར་ཞིག་མཉམ་རུབ་ངང་དངས་བླངས་ཀྱིས་དམངས་ཁྲོད་ཀྱི་རུ་ཁག་བཙུགས་འདུག སྐྱེས་མ་དེ་དག་ལས་མང་ཆེ་ཤོས་ནི་སྨན་པ། དགེ་རྒན་དང་རྩོམ་པ་པོ་རེད། ཁོ་ཚོས་གྲོང་སྡེ་སོ་སོ་དང་འབྲོག་ཁུལ་གྱི་སྐྱེས་པ་ཕོ་མོ་དག་ལ་གཉན་ནད་ཨཱེ་ཙའི་སྐོར་སྔོན་འགོག་དང་གསོ་བཅོས་སོགས་ཀྱི་སྐོར་ངོ་སྤྲོད་བྱེད་བཞིན་འདུག ང་ལ་བཤད་རྒྱུར། ཆེས་དཀའ་ཁག་ཆེ་བ་ནི་སྐྱེས་པ་དག་སློབ་གསོ་འདིའི་ལས་གཞི་ལ་ཞུགས་སུ་འཇུག་རྒྱུ་དེ་རེད་ཟེར། ཚེ་རིང་སྐྱིད་ལགས། བུད་མེད་ཁོ་ན་ལ་སློབ་གསོ་སྤྲད་ན་གནད་དོན་ཐག་གཅོད་ཐུབ་བམ།ང་ཚོས་སྐྱེས་པ་ཚོ་ལའང་སློབ་གསོ་སྤྲོད་དགོས་འདུག

ཁྱེད་ཀྱིས་མངོན་སུམ་འཛེམ་མེད་དང་དབང་གྲགས་ཡོད་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཕོ་མོ་འདྲ་མཉམ་གྱི་གནད་དོན་མེད་པ་ཁྱབ་བསྒྲགས་བྱས་སོང་། འོན་ཀྱང་། དོན་དངོས་སུ་དེ་འདྲ་མ་རེད།དོན་ངོ་མ།ཕོ་མོ་འདྲ་མཉམ་གྱི་འབྲས་བུ་མངོན་རྒྱུར་ང་ཚོས་འགལ་རྐྱེན་མང་པོ་ཞིག་དང་འཐབ་རྩོད་བྱེད་དགོས་པ་བསྙོན་མེད་རེད། གལ་ཏེ་ཁྱེད་ཀྱིས་ང་ཚོ་བོད་པ་ནི་བོད་ཀྱི་སྐྱེས་མ་ཞིག་ཡིན་པར་གནད་དོན་མེད་ཅེས་ལབ་ཚེ། དོན་དངོས་སུ་ཤིན་ཏུ་ནས་ལྡོག་ཡོད་དེ།དེ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགོག་རྐྱེན་རེད་འདུག ང་ཚོ་བོད་ཀྱི་གནས་བབ་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་སྐབས་མ་རེད་ཅེས་ལབ་ན། དེ་ནི་ཧ་ཅང་གི་བསླུ་བྲིད་ཀྱི་བསམ་བློའི་འདུ་ཤེས་ཁོ་ན་ཞིག་རེད་འདོད།

དེང་དུས་བོད་ཀྱི་རིག་གནས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་ཁག་བགྲོ་གླེང་བྱེད་པར་སྐུལ་སློང་མེད་དེ་དཔེར་ན་བཙན་གཡེམ་དང་བཟའ་འཁོན་གྱི་གནད་དོན་ལྟ་བུ། དེ་བས།ཕོ་མོའི་གནད་དོན་གྱི་རྙོག་དྲས་གཙེས་བའི་སྡུག་མྱོང་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་གཞག་རླབས་ཆེན་ཞིག་ཏུ་འཁུམས། སྐུ་ཉིད་ནི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། བོད་ཀྱི་དེང་རབས་ཀྱི་གནད་དོན་འདི་དག་ལ་བསམ་བློ་གཏོང་རྒྱུ་ནི་གལ་ཆེན་རེད་ལ། བོད་ཀྱི་སྤྱི་ཚོགས་དང་རིག་གནས་བརྒྱུད་སྤྲོད་བྱེད་རྒྱུའང་གལ་ཆེན་རེད་སྙམ།

བོད་ཀྱི་ལོ་རྒྱུས་ཁྲོད་བོད་ཀྱི་རིག་གནས་ཀྱི་གནས་བབ་ལས་བུད་མེད་ཀྱི་ཐོབ་ཐང་ནི་སྐྱེས་པ་ལས་དམའ༼བོད་ཨ་མདོའི་ཕྱོགས་སུ༽  རྒྱུ་མཚན་ནི་རྩ་བའི་རྩ་བ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་དྲག་པས་ངོ་བོའི་སྟེང་ནས་སྐྱེས་པ་ནི་མོ་ལས་མཆོག་ཏུ་བརྩི།

བོད་ནས་འཚར་ལོངས་བྱུང་བའི་བུ་མོ་ང་ལ་མཚོན་ན། ངའི་དྲན་འཛིན་གྱི་མེ་ལོང་ངོགས་སུ་ནམ་ཡང་འཆར་བ་ནི་ངའི་དྲིན་ཆེན་གྱི་ཨ་མས་རྟག་པར་སྐྱེ་བ་རྗེས་མར་ཕོ་ལུས་ཤིག་འཐོབ་པར་སྨོན་ལམ་རྒྱག་པ་དེ་རེད། ངའི་ཨ་མའང་བོད་ཀྱི་སྐྱེས་མ་གཞན་དང་འདྲ་བར་ཡིག་རྨོངས་པ་ཞིག་ཡིན།  ༼སྐྱེ་བ་རྗེས་མར་ང་བུ་ཚ་ཞིག་གི་སྐྱེ་བར་ཡོང་གི་སྨོན་ལམ་རྒྱག༽ དེས་མ་ཚད། ངའི་ཨ་མས་མི་ཚེ་གང་བོར་ཁུར་ཡོང་བའི་སེམས་གཏིང་གི་སྡུག་བསྔལ་གྱིས་ངའི་ནུ་སྲིང་ཚོ་དང་སྡེ་བའི་སྐྱེས་མ་དག་ལའང་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཡིད་སྐྱོ་བ་ཞིག་ནི།ཁོ་ཚོའང་ངའི་ཨ་མ་ནང་བཞིན་ཡིག་རྨོངས་ཡིན། ངའི་སེམས་ལ་རྟག་པར་བསམ་གྱིན་བསྡད་ཡོད་པ་ནི་དོན་དངོས་ལ་བསྙོན་པའི་ཁོ་ཚོའི་ཐུན་མོང་གི་འདོད་པ་སྟེ་སྐྱེ་བ་རྗེས་མར་ཕོ་ལུས་ཐོབ་རྒྱུར་སྨོན་པ་དེ་རེད།

ང་ཚོས་ད་ལྟ་ལན་འདེབས་དགོས་་བའི་དྲི་བ་ནི་རྒྱུ་མཚན་ཅི་ཡིན།

ངས་བོད་ཀྱི་སྐྱེས་པ་ཞིག་གིས་སྐྱེ་བ་རྗེས་མར་མོ་ལུས་ཤིག་འཐོབ་པར་སྨོན་ལམ་འདེབས་པ་གོ་མྱོང་མེད། ཕོ་མོ་འདྲ་མཉམ་གྱི་གནད་དོན་ཤུགས་ཆེ་བའི་བོད་ཀྱི་རིག་གནས་ཁྲོད་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་གཏམ་དཔེ་མང་པོ་ཞིག་ཁྱབ་བརྡལ་དུ་སོང་ཡོད་པ་དཔེ་མཚོན་དུ་བཀོད་ན། བུ་མོ་ཞིག་ཡིན་དུས་ལག་ལས་ཀར་མཁས་དགོས། ལག་ལས་ཀར་མཁས་ན་ཁྱོ་ག་ཡག་པོ་རྙེད། མ་བུ་མོ་འགྲོ་ས་གནས་ཡིན། ཕོ་ཁ་མ་གྲག་གོང་ལ་མོ་ཁ་གྲག་ལྟ་བུ་རེད།

འདི་འདྲའི་གཏམ་དཔེ་ལས་རྟོགས་ཐུབ་པ་ནི་བོད་ཀྱི་སྐྱེས་མ་་ཞིག་ཡིན་ན་གཉོམ་ཆུང་དང་ཞི་དུལ་ཅན་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པ་དང་སྐྱེས་པ་ཕོ་ཞིག་ཡིན་ན་ཁ་བདེ་ལྕེ་བདེ། བཤད་ཕོད་པ་ཞིག་ཡིན་དགོས། དེ་འདྲའི་བོད་ཀྱི་དུས་ཡུན་རིང་བའི་སྲོལ་རྒྱུན་གྱིས་བོད་ཀྱི་བུད་མེད་ཀྱིས་སྐྱེས་པ་དག་ལ་སྲི་ཞུ་དང་བརྩི་བཀུར་བྱེད་དགོས་བ་ངམ་ངམ་ཤུགས་ཀྱིས་བསྟན་ཡོད། ང་ཚོའི་ཡུམ་ཆེན་ཚོ་དང་བུ་མོ་ཚོ། ནུ་སྲིང་ཚོས་དྲི་བ་འདོན་དབང་མེད་པའི་སྒོ་ནས་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་ཀྱི་བཀོད་སྒྲིག་ལ་ཚེ་གང་བོ་སྲི་ཞུ་དང་ངོ་སྲུང་བྱས་བ་རེད།

ཚེ་རིང་སྐྱིད་ལགས། ངས་ཁྱེད་ཀྱི་གཏམ་བཤད་དེ་བོད་ཀྱི་བུད་མེད་ཀྱིས་བྱིས་པ་གཉོར་སྐྱོང་དང་ཁྱོ་ག་ལ་བརྩི་བཀུར། མི་ཚེ་ཁྱིམ་ཚང་གི་ཆེད་དུ་བློས་གཏོང་སྐོར་བཀླག་དུས།ཁྱེད་ཀྱིས་ཁྱིམ་ཚང་གི་གྲུབ་ཆ་གཅིག་སྟབས་བདེ་ངང་བསྐྱུར་ཡོད་དེ། སྐྱེས་པ་ཕོ་ཡིས་ཀྱང་ཁྱིམ་ཚང་གི་ལས་ཀ་ལ་ཐུགས་ཁུར་བྱེད་དགོས་པའི་སྐོར་རེད། དཔེར་ན། གཏམ་དཔེར། བྱ་གཤོག་ཆད་ཡིན་ན་འཕུར་མི་ཐུབ་ཟེར་བ་རེད།

ངས་བསམ་ན་འདི་འདྲའི་གཏམ་དཔེ་ནི་བོད་ཀྱི་སྤྱི་ཚོགས་དང་སྦྱར་ན་འོས་བ་ཞིག་རེད། གལ་ཏེ་ང་ཚོས་ཡང་དག་པའི་སྒོ་ནས་སྤྱི་ཚོགས་ཐུན་མོང་འཕེལ་རྒྱས་སུ་གཏོང་དགོས་ཚེ། ང་ཚོས་ངེས་པར་ཏུ་རྩ་བའི་ཆ་ནས་བུད་མེད་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་གཏོང་དགོས། ང་ཚོས་ངེས་པར་ཏུ་སྲོལ་རྒྱུན་རྙིང་པའི་ནད་རྙིང་སྟེ་བུད་མེད་ཀྱིས་རྒྱུ་མཚན་མེད་པར་སྐྱེས་པ་ལ་ཞབས་ཞུ་དང་གཡོག་པོ་བྱེད་དགོས་པའི་ལྕགས་སྒྲོག་དེ་གཏོར་དགོས་སོ།ལག་ལེན་ཁྲོད་ཤིན་ཏུ་ནག་ནོག་གི་དྲི་མས་སྦག་པའི་སྤྱི་ཚོགས་ཀྱི་གདོང་པ་དེ་བཀྲུ་དགོས་ན་གོམ་པ་རིམ་བཞིན་སྤོ་དགོས་པ་རེད།

མ་འོངས་པའི་དམིགས་ཡུལ་ངེས་ཅན་འདི་བསྒྲུབ་པར། ང་ཚོས་ངེས་པར་དུ་ཐོག་མ་ནས་བུ་མོ་སྐྱེས་བའང་བུ་ཞིག་སྐྱེས་བ་ནང་བཞིན་རྩ་ཆེན་པོར་བརྩི་དགོས་ལ། དེང་གི་སྤྱི་ཚོགས་ཁྲོད། བུད་མེད་ཀྱི་འབོད་སྐུལ་ནི་སྐྱེས་པ་དང་འདྲ་བར་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་རིན་ཐང་འདྲ་འདྲ་རེད། ཁྱོ་གས་རང་གི་ཆུང་མ་ལ་སྡིག་དམོད་དང་གཅར་རྡུང་བྱེད་པ་ནི་རྩ་བ་ཉིད་ནས་གུ་ཡངས་དང་སྣང་མེད་ལ་འཇོག་མི་ཉན་ལ། བུད་མེད་ལ་གཅར་རྡུང་བྱེད་མི་ཆོག་པའི་རྩ་བའི་ཤེས་བྱ་དེ་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་ལག་བསྟར་བྱེད་རྒྱུ་དང་། ལུས་སེམས་གཉིས་ཀྱི་ཆ་ནས་བུད་མེད་ཀྱིས་སོ་སོའི་རིན་ཐང་ནི་སྐྱེས་པ་དང་འདྲ་མཉམ་ཡིན་པ་ཚོར་རྒྱུ་ནི་དགེ་མཚན་དུ་མཐོང་། འདི་འདྲའི་འདྲ་མཉམ་ནི་བོད་ཀྱི་བུད་མེད་རྒན་གཞོན་དར་གསུམ་གྱིས་རེ་བ་རྒྱག་བཞིན་ཡོད།

ཁྱེད་ཀྱི་གཏམ་བཤད་ནང་དུ་ཕོ་མོ་འདྲ་མཉམ་ནི་སོ་སོའི་ནུས་པ་ལ་རག་ལས་པ་ལས་དེ་རྩོད་དགོས་པ་ཞིག་མ་རེད་ཟེར། ཁྱེད་ཀྱི་ལྟ་ཚུལ་ལ་གཏན་ཚིགས་ཀྱི་གནད་དོན་ཞིག་ཡོད་དེ། བུ་མོ་གཞོན་སྐྱེས་མ་དང་བུད་མེད་ལ་སྐུལ་སློང་དང་སྤོབས་པ་སྤྲད་ནས་བློ་སྒོ་ཆེ་བསྐྱེད་ཀྱིས་དྭངས་སྐྲག་མེད་པར་སོ་སོའི་བསམ་ཚུལ་ཐད་བརྗོད་དང་སྤོབས་པ་ཆེ་རུ་མ་བཏང་ན་། བུད་མེད་ཀྱི་སོ་སོའི་ནུས་ཤུགས་དང་འཇོན་ཐང་དེ་ཇི་ལྟར་མངོན་ཐུབ་སྲིད།

ལོ་རྒྱུས་ཁྲོད་བུད་མེད་ཀྱིས་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱས་ཡོད། ཁྲིམ་འཛུགས་ཚོགས་པས་བུད་མེད་ཀྱི་ཐོབ་ཐང་དེ་དངས་བླངས་ཀྱིས་སྤྲད་པ་ཞིག་མ་མེད།འདྲ་མཉམ་ནི་སྤྲད་འདོད་ནས་བསྩལ་བ་ཞིག་མ་རེད། ཨ་རི་ལ་མཚོན་ན།སྤྱི་ལོ་གཅིག་དགུ་ཉི་ཤུ་ལོའི་ཐེངས་བཅུ་དགུ་པའི་རྩ་ཁྲིམས་བསྒྱུར་བཅོས་མ་བྱས་བར་བུད་མེད་ལ་འདེམས་ཤོག་འཕེན་པའི་དབང་ཆ་ཨ་རིའི་གྲོས་ཚོགས་ཀྱིས་སྤྲད་མེད། སྙིང་སྟོབས་ཅན་དང་འཇོན་ཐང་ཅན།ཀུན་སློང་ལྡན་པའི་བུད་མེད་ཀྱི་ཚོགས་པ་མང་པོ་ཞིག་གིས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་འདེམས་ཤོག་འཕེན་པའི་དབང་ཆ་ཐོབ་པར་འཐབ་རྩོད་བྱས་བ་རེད་ལ། དེང་གི་དུས་སུ་ཐོབ་ཐང་དེ་ཨ་རིའི་བུད་མེད་ཀྱིས་ལོངས་སུ་སྤྱོད་བཞིན་ཡོད་དོ། ཁོ་ཚོར་ཆེས་མཐའ་མཇུག་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ནི། ཁོ་ཚོའི་ཞུམ་པ་མེད་པའི་ཀུན་སློང་དང་བརྩོན་འགྲུས། འཐབ་རྩོད་བཅས་ཀྱིས་རེད།

ངས་བལྟས་ན་མོ་དབང་རིང་ལུགས་ནི་བོད་པ་ཁ་ཤས་་དང་ལྷག་པར་ཏུ་རྒན་རབས་པ་ཚོའི་ངོར་ཕལ་ཆེར་ཐ་སྙད་གསར་པ་ཞིག་དང་སྐྱི་གཡའ་བའི་མཚན་ཉིད་ཅིག་ཡིན་རྒྱུ་རེད་འདོད། གནད་དོན་འདིའི་སྟེང་། སྤྱི་ཚོགས་ཀྱི་བྱ་འགུལ་གསར་པ་མང་ཆེ་ཤོས་ལ་རྒོལ་མཁན་ཡོད་པས་ངས་ཁྱེད་ཀྱི་རྒོལ་ལན་སྤེལ་རྒྱུ་ཡིན་པ་ཤེས་ཡོད། མོ་དབང་རིང་ལུགས་ཀྱི་སྲོལ་་འབྱེད་མཁན་མང་པོ་ཞིག་ནི་དང་ཐོག་དྲག་སྤྱོད་པ་ཡིན་པར་རློམ་པ་རེད། དམིགས་ཡུལ་དེ་འགྲུབ་ཆེད། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དག་གིས་ཐོག་མའི་ལོ་འགའི་འགུལ་སྐྱོད་ནི་ཀུན་གྱིས་དང་ལེན་མི་བྱེད་པའི་བྱ་སྤྱོད་ཀྱི་ལས་གཞིའི་རྣམ་པར་སྤེལ་བ་ཞིག་རེད།

འོན་ཀྱང་། ཁྱེད་ཀྱིས་བོད་ཀྱི་གཞོན་སྐྱེས་བུད་མེད་དང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དག་གིས་ནུབ་ཕྱོགས་ཀྱི་རིག་གནས་ལ་ལད་ཟློས་དང་འུར་སྒྲོག་བྱེད་གི་ཡོད་ཚུལ་གྱི་སྐད་ཆ་རྩུབ་པོ་དེ་བཤད་པ་ནི། ཁྱེད་ཀྱིས་ངོ་མ་དགོས་མཁོ་མེད་པའི་སྐད་ཆ་ཞིག་འཕངས་པ་ལགས་ཏེ། དོན་ངོ་མར་ཁོ་ཚོས་ཀུན་གྱི་བདེ་སྐྱིད་ལ་བསམ་པ་དང་། ལྷག་པར་ཏུ་ཉམ་ཐག་ཞུ་འབོད་ཀྱི་ནུས་བ་མེད་པ་དག་ལ་དམིགས་ནས་སྤེལ་བའི་བྱ་འགུལ་ཞིག་རེད། ཁྱེད་ཀྱིས་སྤྱི་ཚོགས་ཀྱི་ལས་དོན་གསར་པ་འདི་ནི་གང་ཟག་སྒེར་བ་ཁ་ཤས་ཀྱིས་སོ་སོ་ལ་དོ་སྣང་བྱེད་པར་དམིགས་པའི་སྒེར་གྱི་དམིགས་ཡུལ་ཡིན་ཚུལ་བརྗོད་ཡོད་མོད། ཁོ་ཚོས་ཐབས་ཕྱོགས་འཚོལ་ཞིབ་དང་གླེང་སྟེགས་གསར་བསྐྲུན་གྱིས་གཞིས་དང་བྱེས་ཀྱི་མི་རབས་དང་རིག་གནས་ཀྱི་བར་ལ་ཟམ་ཆེན་ཞིག་འཛུགས་པར་འདོད་པ་རེད།

དེ་བས། ཁྱེད་ལ་འདྲི་རྒྱུ་ཞིག་ནི་ཁྱེད་ལ་དོན་དངོས་སུ་བདེན་དབང་ཡོད་དམ་མེད།ཁྱེད་ཀྱིས་ཚོད་དཔག་གིས་གསལ་བཤད་དེ་ལྟར་བྱས་པར་དཔེར་མཚོན་བཀོད་དང་།  ང་ཚོས་ཁྱེད་ཀྱི་གསལ་བཤད་དེ་ཡང་དག་པར་གོ་བ་ལེན་ཐུབ།

རེད། ང་ཚོ་བོད་ལ་མོ་དབང་རིང་ལུགས་ཀྱི་ཐ་སྙད་འདི་མེད་པས། ང་ཚོས་ནུབ་ཕྱོགས་རིག་གནས་དང་དེའི་ཆེད་སྤྱོད་ཀྱི་ཐ་སྙད་ལ་ལད་མོ་་བྱས་པ་ལྟ་བུར་མངོན་མོད། མོ་དབང་རིང་ལུགས་ནི་རིག་གནས་ཀུན་གྱི་ཁྲོད་ཅི་འདྲའི་བུད་མེད་ལ་ཕན་པ་ཞིག་ཡིན་པ་ལ་ལད་མོ་བྱས་པ་ནི། བོད་ཀྱི་བུད་མེད་ཚོ་ལ་ཕན་སྲིད་པའི་བྱ་གཞག་ཉག་གཅིག་ཏུ་འཁུམས།

ཁྱེད་ཀྱིས་ཉེ་ཆར་སྐྱབས་མགོན་རིན་པོ་ཆེ་ལ་ནིག་ཡོག་དུས་བབ་ཀྱིས་བཅར་འདྲི་བྱས་བ་དེ་མཐོང་བྱུང་ངམ། སྐྱབས་མགོན་རིན་པོ་ཆེ་ཁོང་གིས་ཀྱང་ཁོ་རང་ཉིད་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཞིག་དང་། བུད་མེད་ལ་ལྷན་སྐྱེས་ཀྱི་བརྩེ་བ་དང་རིག་སྟོབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་འཇིག་རྟེན་འདི་ནི་བུད་མེད་ཀྱིས་དབུ་ཁྲིད་ན་ལེགས་པའི་ཞིང་ཁམས་ཤིག་ཏུ་དགོངས་འདུགདེ་དང་ཆ་འདྲ་བར། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་ཁོང་གི་དེབ་ཅིག་གི་ནང་དུ། བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོབ་དང་། སྤོབས་པ་ཡོད་པའི་ངང་ཕོ་མོ་འདྲ་མཉམ་ཐད་གསར་བརྗེ་ལྡན་པའི་དགོངས་འཆར་ལྷུག་པོ་དང་འབྲེལ་བའི་ལེའུ་ཞིག་དམིགས་ཀྱིས་བསལ་ནས་བྲིས་ཡོད།

དེ་བས། ཁྱེད་ཀྱི་བཤད་ཚུལ་ལྟར་ན། ཁོང་རྣམ་པ་གཉིས་ཀྱིས་ཀྱང་ནུབ་ཕྱོགས་རིག་གནས་ལ་ལད་མོ་བྱས་པ་རེད་དམ།

ཕན་ཚུན་གྱི་ལེགས་པའི་ཆ་དེར་སློབ་སྦྱོང་དང་ལད་མོ་བྱེད་པ་ནི་མིའི་རིགས་ཀྱི་ལྷན་སྐྱེས་གཤིས་ཀ་ཞིག་ཡིན་པ་ཁྱེད་ཀྱིས་རྟོགས་ཡོད་ངེས། ལོ་རྒྱུས་ཁྲོད་ང་ཚོ་བོད་ལ་མཛངས་མ་འགྲན་སྡུར་བྱེད་སྲོལ་མེད་མོད།འོན་ཏེ་ཁྱེད་ཀྱིས་བོད་ཀྱི་མཛངས་མའི་མཚན་གནས་དེ་ཁུར་ཡོད་པའང་ནུབ་ཕྱོགས་རིག་གནས་ལ་ལད་མོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་ཐོན་རྫས་ཤིག་རེད། འོན་ཀྱང་ཁྱེད་ཀྱིས་མཚན་གནས་དེ་ཡོངས་ཁྱབ་ཀྱིས་བརྫད་བྱུང་།

ངའི་རེ་བ་ནི། མ་འོངས་པར་ཁྱེད་ཀྱིས་བོད་ཀྱི་མཛངས་མ་དང་གསར་འགོད་པའི་མཚན་གནས་དེ་བེད་སྤྱོད་ཀྱིས་བོད་ཀྱི་གཞོན་སྐྱེས་བུད་མེད་དང་སྐྱེས་མ་ཚོས།སྤོབས་པ་ཆེར་བསྐྱེད་ཀྱིས་དོན་དངོས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་སྐོར་གླེང་བ་ལ་དམའ་འབེབས་མ་བྱེད་རོགས། ངས་ཤེས་པ་ནི་གཞིས་བྱེས་གཉིས་ན་སོ་སོས་དམ་བཅས་ཏེ་ཕོ་མོ་འདྲ མཉམ་ཐད ཀྱི་རྩོད་རྙོག་ལ་འཐབ་རྩོད་བྱེད་པ་ནི། བོད་ཀྱི་སྐྱེས་པ་དང་བུད་མེད། ཁྱིམ་གཞི་འདིའི་གནས་བབ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་ཤུགས་རྒྱག་བཞིན་པ་རེད།

ཁྱེད་ཀྱིས་བོད་ཀྱི་མཛངས་མའི་མཚན་གནས་དེ་ཁུར་ཡོད་པས།བོད་ཀྱི་ནུ་སྲིང་མོ་ཚོ་སྣེ་ཁྲིད་དང་སློབ་སྟོན་བྱེད་པའི་ཚབ་མཚོན་མི་སྣ་ཞིག་འཁྱོངས་པར་ཁྱེད་ལ་དམིགས་བསལ་གྱི་ཐོབ་ཐང་དང་གོ་སྐབས་ཡོད་པ་རེད། འདི་ནི་ང་ཚོ་བོད་ཀྱི་བུད་མེད་ཚོས་ཁྱེད་ལ་བཅིངས་བའི་རེ་བ་སྟེ་ཁྱེད་ཀྱིས་མ་འོངས་བར་བོད་ཀྱི་གཞོན་ནུ་མ་ཚོས། ང་ཚོའི་རྒྱབ་སྐྱོར་དང་ལམ་སྟོན་བྱེད་པར་རེ་བ་ལ་སྣེ་ཁྲིད་བྱེད་རྒྱུ་དེའོ།

Translation Credit: Dr. Kunchog Tseten

Leave a Reply